Wednesday, June 8, 2011

དགེ་རྒན་ལ་སྤྲིངས་པའི་ཡི་གེ།

ཨི་ཊ་ལིའི་ཐུ་སི་ཁ་ནི་རྫོང་མུ་གེ་ལོའི་ས་ཁུལ་དུ་ཞིང་པའི་དུད་ཚང་ཉི་ཤུ་ལས་གྲུབ་པའི་བྷར་བི་ན་ཡ་ཞེས་པའི་རི་ཁུལ་གྱི་སྡེ་བ་ཆུང་ཆུང་ཞིག་ཡོད། སྡེ་བ་དེར་དུས་རབས་བཅུ་བཞི་པའི་ནང་བཞེངས་པའི་ཡེ་ཤུ་ལྷ་ཁང་ཆུང་ཆུང་ཞིག་ཡོད་ཅིང་། ཕྱི་ལོ་༡༩༥༤ལོར་མཚན་ལ་"ཌོན་མི་ལན་ནི་"ཞུ་བའི་བླ་ཆེན་ཞིག་ལྷ་ཁང་དེའི་མཆོད་གནས་སུ་ཕེབས་པ་རེད། ཌོན་མི་ལན་ནི་དེ་སྔོན་ཧྥ་ལོ་རན་སེའི་ཉེ་འདབས་ཀྱི་ཁ་ལེན་ཛ་ནོ་གྲོང་བརྡལ་དུ་བཞུགས་ཤིང་། དེར་ཁོང་ཉིད་ཀྱིས་དབུ་འཛུགས་གནང་བའི་མཚན་མོའི་སློབ་གྲྭ་ཞིག་ཏུ་ཞིང་འབྲོག་པ་ཚོར་སློབ་འཁྲིད་གནང་གི་ཡོད།
ཌོན་མི་ལན་ནི་བྷར་བི་ན་ཡ་རུ་ཕེབས་ནས་ཡུན་རིང་མ་སོང་བར། ཁོང་གི་ཐུགས་ལ་ཞིང་པ་དབུལ་འཕོངས་ཀྱི་བུ་ཕྲུག་དེ་དག་ལ་སློབ་སྦྱོང་སྤྲོད་རྒྱུ་ནི་གལ་གནད་ཤིན་ཏུ་ཆེ་བའི་བྱ་བ་ཞིག་ཏུ་དགོངས་པ་རེད། བྷར་བི་ན་ཡ་སྡེ་བའི་བུ་ཕྲུག་ཕལ་ཆེ་བ་ཡིག་རྒྱུགས་མ་འཕྲོད་པར་སློབ་གྲྭ་ནས་ཕྱིར་ཕུད་བྱས་པའམ། དགེ་རྒན་ཚོའི་སློབ་འཁྲིད་བྱེད་སྟངས་ལ་ཡིད་མུག་པ་དང་སུན་སྣང་སྐྱེས་ནས་སློབ་གྲྭ་ནས་ཕྱིར་བཤོལ་བྱས་པ་ཤ་སྟག་ཡིན། ཌོན་མི་ལན་ནི་ཡིས་ལོ་ན་བཅུ་གཅིག་ནས་བཅུ་གསུམ་བར་སོན་པའི་ཕྲུ་གུ་བཅུ་ཙམ་ཞིག་བསྡུ་བསྐོང་གནང་ནས། ཁོང་ཚོར་ཉིན་ལྟར་སློབ་འཁྲིད་ཆུ་ཚོད་བརྒྱད་ཙམ་རེ་གནང་། ཕྱིས་སུ་སློབ་ཕྲུག་གི་གྲངས་འབོར་མང་དུ་སོང་བས། མཐར་སློབ་མ་ཉི་ཤུ་ཡོད་པའི་འཛིན་གྲྭ་ཞིག་ཏུ་གྱུར། སློབ་ཕྲུག་རྒན་པ་ཚོས་ལྷག་བསམ་རྣམ་དག་གིས་སློབ་ཕྲུག་ཆུང་བ་ཚོར་ལམ་སྟོན་དང་། ཁོང་ཚོའི་སློབ་སྦྱོང་ལ་གཞོགས་འདེགས་གང་ཐུབ་བྱེད། ཁོང་ཚོས་དུས་རྟག་ཏུ་སློབ་སྦྱོང་ལ་འབད་པ་ལྷོད་མེད་བྱེད་ཅིང་། རང་རང་གི་མི་ཚེའི་དཀའ་སྡུག་གི་ཉམས་མྱོང་གཞིར་བཟུང་ནས་སློབ་སྦྱོང་གི་དཀའ་ངལ་སེལ་ཐབས་བྱེད་ཀྱི་ཡོད། དཀའ་སྡུག་གི་འཚོ་བའི་ཁྲོད་སློབ་སྦྱོང་བྱས་པའི་ཉམས་མྱོང་རྣམས་ཕྱོགས་བསྡོམས་བྱས་ཏེ། མཐར་སློབ་ཕྲུག་བརྒྱད་ཀྱིས་མཉམ་རུབ་ཀྱིས་ལོ་གཅིག་ཧྲིལ་པོར་སློབ་གསོའི་སྙན་ཐོ་འདི་རྩོམ་བྲིས་བྱས།
ཕྱི་ལོ་༡༩༦༧ལོར་ཌོན་མི་ལན་ནི་དགོངས་པ་རྫོགས་པ་དང་ལྷན། བྷར་བི་ན་ཡ་སློབ་གྲྭ་ཡང་རེ་ཞིག་མཇུག་བསྒྲིལ། བླ་ཆེན་དམ་པ་ཁོང་གིས་ཡུལ་མི་རྣམས་མཉམ་དུ་སྦྲེལ་བའི་ལས་དབང་གི་འགུག་ཤུགས་དེ་སྐད་ཅིག་ཉིད་དུ་མི་མངོན་པའི་ཚུལ་དུ་གྱུར་བས། དུད་ཚང་རེ་རེ་བཞིན་ས་ཆ་གཞན་དུ་གནས་སྤོས་ནས་སྡེ་བ་ཁ་ཐོར་དུ་སོང་། འོན་ཀྱང་ནར་སོན་པའི་བྷར་བི་ན་ཡའི་སློབ་མ་ཚོས་རེས་གཟའ་ཉི་མ་སོགས་སུ་འཛིན་ཁང་རྙིང་པ་དེར་མཉམ་འཛོམས་ཀྱིས། བརྗོད་གཞི་སྣ་ཚོགས་ཐོག་བགྲོ་གླེང་ཅི་དགར་བྱེད། ད་ཆ་ཁོང་ཚོ་ཕལ་ཆེ་བ་ཚན་རིག་པ་དང་། ཚོང་ལས་པ། དགེ་རྒན་སོགས་ཀྱི་བྱ་བ་གཉེར་བཞིན་ཡོད།
ཕྱི་ལོ་༡༩༦༨ལོར་ཌོན་མི་ལན་ནིའི་སློབ་ཕྲུག་ཁག་ཅིག་གིས་བྷར་བི་ན་ཡ་སློབ་གྲྭ་དེ་བཞིན་གཞུང་འབྲེལ་གྱིས་ཁ་ལེན་ཛོ་ན་རུ་གནས་སྤོས་བྱས་པ་དང་། དེར་སློབ་གྲོགས་རྙིང་པ་ཚོས་མཉམ་རུབ་ཀྱིས་དྭ་ཕྲུག་དང་དབུལ་འཕོངས་ཀྱི་ཕྲུ་གུ་ཉམས་ཐག་ལ་སློབ་སྦྱོང་སྤྲོད་ཀྱི་ཡོད།
ལོ་ཆུང་རྩོམ་པ་པོ་འདི་དག་གི་བསམ་ཆར་ཞིབ་ཚགས་ངང་ཤེས་རྟོགས་ཡོང་རྒྱུར་ཨི་ཊ་ལིའི་ཤེས་ཡོན་ལམ་སྲོལ་ལ་རྒྱུས་མངའ་ཅུང་ཙམ་ཡོད་དགོས། ཕྱི་ལོ་༡༩༦༢གོང་དུ་ཨི་ཊ་ལིའི་ཤེས་ཡོན་ལམ་སྲོལ་ནང་སྔོན་འགྲོའི་སྡེ་ཚན་ལོ་ལྔར་ཆར་བགོས་བྱས་ཡོད་པ་དང་། སྔོན་འགྲོའི་ལོ་ལྔ་ཚར་རྗེས་གོང་རིམ་འཛིན་གྲྭའི་སློབ་སྦྱོང་སྤྲོད་ཀྱི་ཡོད། འོན་ཀྱང་ གོང་རིམ་འཛིན་གྲྭར་སློབ་ལོ་སོན་ཚད་ནི་ལོ་བཅུ་བཞི་ཡིན་པས་སྔོན་འགྲོའི་སློབ་སྦྱོང་ཐོན་རྗེས་ གོང་རིམ་འཛིན་གྲྭར་མ་སླེབས་བར་ལོ་ཤས་རིང་བར་སྟོང་ལྷག་གི་ཡོད། ཕྱི་ལོ་༡༩༦༢ ལོར་སློབ་གསོའི་སྒྲིག་ཁྲིམས་བསྐྱར་ཞིབ་བྱས་སྟེ་གཞི་རིམ་བར་མའི་སྡེ་ཚན་གསར་དུ་བཟོས་པ་དང་། སྔོན་འགྲོའི་སྡེ་ཚན་ཚར་རྗེས་ངེས་པར་དུ་གཞི་རིམ་བར་མའི་སློབ་སྦྱོང་སྤྲོད་རྒྱུར་གཏལ་འཁེལ་བྱས་ཡོད།
གལ་གནད་ཆེ་བའི་གནད་དོན་ཞིག་ལ་སློབ་ཚན་ཚོགས་པའི་དུས་ཚོད་ནི་ཉིན་གུང་ཆུ་ཚོད་12:30འམ1:30བར་ཡིན་པས། ཉིན་རྒྱབ་ཀྱི་དུས་ཚོད་ཡོངས་རྫོགས་སྟོང་པ་ཡིན་སྟབས། འབྱོར་པ་བཟང་བའི་སློབ་ཕྲུག་གིས་ཟུར་བརྟེན་དགེ་རྒན་གླས་ནས་སློབ་སྦྱོང་བྱེད་པ་ལས། དབུལ་འཕོངས་ཀྱི་བུ་ཕྲུག་རྣམས་ལ་བྱ་རྒྱུ་གང་ཡང་མེད་པར་ལུས་རྐྱེན་དུས་ཚོད་ཕལ་ཆེ་བ་དོན་མེད་ངང་རྫོགས་འགྲོ་གི་ཡོད།
དེབ་འདིའི་རྩོམ་པ་པོ་རྣམས་ནི་ཞིང་པ་དབུལ་འཕོངས་ཀྱི་བུ་ཕྲུག་ཤ་སྟག་ཡིན་ཡང་། ཁོང་ཚོས་བཏོན་པའི་སློབ་གསོའི་བསམ་འཆར་འདི་བཞིན་རི་ཁུལ་ལས་ཡོངས་སུ་བརྒལ་ཏེ། འཛམ་གླིང་གི་ས་ཁུལ་ཕལ་ཆེ་བར་ཁྱབ་ཐུབ་པ་ཞིག་ཡིན།