ཞང་ཡེ་ཤེས་སྡེ།
ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བྱུང་བའི་ལོ་ཙྰ་བ་སྐ་ཅོག་ཞང་གསུམ་གྱི་ཡ་གྱལ་ཡིན་ལ།ལོ་ཙྰ་བ་རབ་དགུའི་ནང་གསེས་གཞོན་གསུམ་གྱི་ཡ་གྱལ་ཡང་ཡིན།འདི་ཉིད་ཀྱི་འགྱུར་ལ།བཀའ་བར་པ་ཤེར་ཕྱིན་གྱི་སྐོར་ལ།《ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་བརྒྱ་པ།》《ཡུམ་འབྲིང་པོ་སྟོང་ཕྲག་ཉི་ཤུ་ལྔ་པ》《ཁྲི་བརྒྱད་སྟོང་པ་བམ་པོ་དྲུག་ཅུ》《ཤེས་རབ་ཁྲི་པ་བམ་པོ་སུམ་ཅུ་རྩ་བཞི་པ》《ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རབ་རྩལ་རྣམ་གནོན་གྱིས་ཞུས་པའི་མདོ》《ཤེར་ཕྱིན་ལྔ་བརྒྱ་པ》དང་།《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སུམ་བརྒྱ་བར་གྲགས་པ་རྡོ་རྗེ་གཅོད་པ》སོགས་དང་།《འཁོར་ལོ་ཐ་མར་གཏོགས་པ》མདོ་སྡེ་ཕལ་པོ་ཆེ་ལ་སྤྱིར་ཤོ་ལོ་ཀ་འབུམ་དང་ལེའུ་བརྒྱ་ཡོད་པ་ལས།སྔོན་ན་ལནྡ་བི་ཧ་ར་ལ་མེ་དགྲ་བྱུང་བའི་རྐྱེན་གྱིས་མ་ཚང་བའི་འཕྲོ་ཇི་ཙམ་བཞུགས་པ་བསྒྱུར་པ་ལ་ཁྱོན་ལེའུ་བཅུ་བདུན་ཡོད་པ་རྣམས་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ལོ་ཆེན་བེེ་རོ་ཙྰ་ནས་ཞུས་ཆེན་མཛད་པར་བཤད།
ཅོག་རོ་ཀླུའི་རྒྱལ་མཚན།
ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བྱུང་བའི་ལོ་ཙྰ་བ་སྐ་ཅོག་ཞང་གསུམ་གྱི་ཡ་གྱལ་ཡིན་ལ།ལོ་ཙྰ་བ་རབ་དགུའི་ནང་གསེས་གཞོན་གསུམ་གྱི་ཡ་གྱལ་ཡང་ཡིན།འདི་ཉིད་ཀྱི་འགྱུར་ལ།《འཁོར་ལོ་དང་པོར་གཏོགས་པ་དགེ་སློང་ཕའི་ཁྲིམས་ཉིས་བརྒྱ་ལྔ་བའུ་རྩ་གསུམ་མདོར་བསྡུས་ནས་སྟོན་པ་ཕའི་སོ་ཐར་གྱི་མདོ》ཤོ་ལོ་ཀ་བདུན་བརྒྱ།བམ་པོ་གཉིས་པ།《དེའི་དོན་རྒྱ་ཆེར་བཤད་པ་ཕའི་རྣམ་འབྱེད》ཤོ་ལོ་ཀ་ཉིས་ཁྲི་བཞི་སྟོང་དགུ་བརྒྱ་བམ་པོ་བརྒྱད་ཅུ་གྱ་གསུམ་པ།《དགེ་སློང་མའི་ཁྲིམས་སུམ་བརྒྱ་དྲུག་ཅུ་རེ་བཞི་བསྡུས་ནས་སྟོན་པ་མའི་སོ་ཐར་གྱི་མདོ》ཤོ་ལོ་ཀ་བརྒྱད་བརྒྱ་བམ་པོ་གཉིས་པ།
སྐ་བ་དཔལ་བརྩེགས།
བསྟན་པ་སྔ་དར་སྐབས་ཀྱི་ལོ་ཙྰ་བ་སྐ་ཅོག་ཞང་གསུམ་དུ་གྲགས་པའི་ཡ་གྱལ་ཞིག་སྟེ།འཕན་པོའི་ཡུལ་དུ་རུས་མིང་སྐ་བ་ཡིན་པའི་ཡབ་སྐ་བ་བློ་ལྡན་དང་ཡུམ་འབྲོ་བཟའ་རྡོ་རྗེ་ལྕམ་གཉིས་ཀྱི་སྲས་སུ་འཁྲུངས།《མངའ་བདག་ཉང་གི་ཆོས་འབྱུང་》ཤོག་གྲངས༣༠ལས།སློབ་དཔོན་བོདྷིསྭཏྭ་དང་འབྲོ་སྐ་བ་དཔལ་བརྩེགས་གཉིས་ཀྱིས་བྱ་རྒྱུད་དང་སྤྱོད་རྒྱུད་ཀྱི་སྐོར་བསྒྱུར་བ་དང་།ཡང་ཤོག་གྲངས༣༢༩ལས།རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་ལོ་ཙྰ་བ་སྐ་བ་དཔལ་བརྩེགས་དང་།ཅོག་རོ་ཀླུའི་རྒྱལ་མཚན།རྨ་རིན་ཆེན་མཆོག་དང་གསུམ་ལ་གསེར་བསྐུར་ནས་པཎ་ཆེན་བྰི་མ་ལ་བོད་དུ་གདན་འདྲེན་ཞུ་བར་ཆེད་རྫོང་གནང་ཚུལ་གསུངས་པ་དང་།མཐུན་པར་གསང་སྔགས་སྔ་འགྱུར་གྱི་ཆོས་འབྱུང་ཕལ་ཆེ་བའི་ནང་གཅིག་མཚུངས་སུ་བཀོད་ཡོད་པ་མ་ཟད།སློབ་དཔོན་ཀྰ་མ་ལ་ཤྰི་ལ་དང་།རྒྱ་ནག་གི་བསམ་གཏན་མཇུག་བསྒྲིལ་རྗེས།རྩོད་གླེང་དེའི་མཇུག་བསྡོམས་ཀྱི་ཆེད་རྩོམ་ལྟ་བུར《སྒོམ་རིམ་རྣམ་གསུམ》ལོ་ཙྰ་བ་ཞང་ཡེ་ཤེས་སྡེས་བསྒྱུར་ཞིང་《དབུ་མ་སྣང་བ》ནི་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་བ་གོང་གསལ་གསུང་རྩོམ་སོ་སོའི་འགྱུར་བྱང་གི་ནང་གསལ་པོར་འཁོད་པ་དང་།སློབ་དཔོན་ཀྰ་མ་ལ་ཤྰི་ལ་ནི་བསམ་ཡས་ཆོས་རྩོད་གྲུབ་ནས་ཡུན་རིང་མ་སོང་བར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་མ་གཤེགས་གོང་དུ་ཧྰ་ཤང་མྰ་ཧྰ་ཡ་ནས་མངགས་པའི་གཤེད་མ་གཉིས་ཀྱིས་སྐུ་དཀྲོངས་པ་བཅས་ལ་བརྟག་ན་ཡང་།སྐ་བ་དཔལ་བརྩེགས་ནི་ཁྲོ་སྲོང་ལྡེ་བཙན་བཞུགས་དུས་ནས་ལོ་ཙྰ་བ་ཆེན་པོའི་གྲས་སུ་གྱུར་ཟིན་པ་གསལ་པོར་ར་འཕྲོད་བྱུང་ཡོད་པས་དོགས་པ་བྱེད་གདོས་དོན་མི་འདུག་སྙམ།ལོ་ཆེན་དེས་བསྒྱུར་བའི་བཀའ་བསྟན་སྐོར་འགྱུར་བྱུང་འཁོད་པ།《འཕགས་པ་སངས་རྒྱས་རྗེས་སུ་དྲན་པའི་རྒྱ་ཆེར་འགྲེལ་པ》ཤོ་ལོ་ཀ་དྲུག་བརྒྱ་སུམ་ཅུ་(ཡིག་འབྲུ༢༠༡༦༠)《ས་བཅུ་པའི་རྣམ་པར་བཤད་པའི་བཤད་པ》སློབ་དཔོན་ཉི་མ་གྲུབ་ཀྱིས་མཛད་པ་ཤོ་ལོ་ཀ་སུམ་སྟོང་དྲུག་བརྒྱ་(ཡིག་འབྲུ་༡༡༥༢༠༠)《འཕགས་པ་བཟང་པོ་སྤྱོད་པའི་རྒྱ་ཆེར་འགྲེལ་པ》སློབ་དཔོན་ཤྰཀྱ་བཤེས་གཉེན་གྱིས་མཛད་པ་ཤོ་ལོ་ཀ་བརྒྱད་བརྒྱ(ཡིག་འབྲུ༢༥༦༠༠)《བཟང་པོ་སྤྱོད་པའི་འགྲེལ་པ》སློབ་དཔོན་རྒྱན་བཟང་པོས་མཛད་པ་ཤོ་ལོ་ཀ་བཞི་བརྒྱ་ལྔ་བཅུ(ཡིག་འབྲུ༡༤༤༠༠)《འཕགས་པ་རྣམ་པར་མི་རྟོག་པའི་གཟུངས་ཀྱི་འགྲེལ་པ》སློབ་དཔོན་ཀྰ་མ་ལ་ཤྰི་ལས་མཛད་པ་ཤོ་ལོ་ཀ་དྲུག་བརྒྱ་(ཡིག་འབྲུ༡༩༢༠༠)《སྡུད་པ་ཚིགས་སུ་བཅད་པའི་དཀའ་འགྲེལ》སློབ་དཔོན་སེང་གེ་བཟང་པོའི་དངོས་སློབ་བུདྷ་ཤྲི་ཛྙ་ནས་མཛད་པ་ཤོ་ལོ་ཀ་ཆིག་སྟོང་བརྒྱད་བརྒྱ་(ཡིག་འབྲུ༥༧༦༠༠)《ཕར་ཕྱིན་མངོན་རྟོགས་རྒྱན་གྱི་འགྲེལ་པ་དོན་གསལ》སློབ་དཔོན་སེང་གེ་བཟང་པོས་མཛད་པ་ཤོ་ལོ་ཀ་ཆིང་སྟོང་ལྔ་བརྒྱ(ཡིག་འབྲུ༤༨༠༠༠)《མདོ་སྡེ་རྒྱན》རྗེ་བཙུན་བྱམས་པས་མཛད་པ་ཤོ་ལོ་ཀ་དགུ་བརྒྱ(ཡིག་འབྲུ༢༨༨༠)《མདོ་སྡེ་རྒྱན་གྱི་འགྲེལ་པ》སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་ཤོ་ལོ་ཀ་སུམ་སྟོང་དྲུག་བརྒྱ(ཡིག་འབྲུ༡༡༥༢༠༠)
ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ།
ལོ་ཆེན་འདི་ཉིད་གཙང་ཞ་ལུ་གསེར་ཁང་གི་ཁང་གསར་གོང་མ་ཞེས་བྱ་བའི་རུས་རྒྱུད་དུ་ཡབ་བསམ་གྲུབ་དཔལ་བཟང་དང་། ཡུམ་རིན་ཆེན་ཆོས་འཛོམས་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པའི་ལྕགས་བྱ༡༤༤༡ལོར་སྐུ་བལྟམས། མཚན་ཆོས་སྐྱོང་འབུམ་ཞེས་གསོལ། དགུང་ལོ་བརྒྱད་ལ་ཕེབས་སྐབས་རྒྱལ་རྩེ་སྡེ་བ་དང་རིན་སྤུངས་པ་གཉིས་དམག་འཁྲུག་བྱུང་སྟེ་ཡབ་ཀྱང་དམག་འཁྲུག་གི་ཁྲོད་སྐུ་གཤེགས་སོང་། དེ་ནས་རྒྱལ་རྩེ་ཆོས་རྒྱལ་བཀྲ་ཤིས་འཕགས་པའི་ཞབས་འབྲིང་དུ་མངགས། དགུང་ལོ་བཅོ་བརྒྱད་བཞེས་པའི་ཚེ་མཁན་ཆེན་དཀོན་མཆོག་བཟང་པོའི་དྲུང་དུ་རབ་དུ་བྱུང་། མཚན་རིན་ཆེན་ཆོས་སྐྱོང་བཟང་པོ་ཞེས་གསོལ། དགུང་ལོ་ཉེར་དྲུག་པར་རྗེ་དོན་གྲུབ་གྲགས་པས་མཁན་པོ་དང་། དཀའ་བཅུ་བ་བསོད་ནམས་གྲགས་པས་ལས་སློབ། མཁར་གྲགས་པ་བསོད་ནམས་བློ་གྲོས་ཀྱིས་གསང་སྟོན་གནང་སྟེ་དཔལ་འཁོར་ཆོས་སྡེར་བསྙེན་པར་རྫོགས། དེ་ནས་ཁོང་གིས་མཁས་པའི་དབང་པོ་མང་པོའི་ཞབས་ལ་གཏུགས་ཏེ་མཁས་པའི་ཕ་རོལ་ཏུ་ཕྱིན། དགུང་ལོ་ང་གསུམ་པར་རྒྱ་སྟོན་ལྕགས་རི་བའི་གདན་སར་དབང་བསྐུར། དགུང་ལོ་ང་ལྔ་བར་གྲྭ་ཐང་གཙུག་ལག་ཁང་གི་གདན་སར་དབང་བསྐུར་བ་ནས་བཟུང་ཕྱིས་སུ་བཞུགས་ཡུལ་གཙོ་བོ་དེར་མཛད། དགུང་ལོ་དོན་བཞི་པར་བུ་སྟོན་ཐམས་ཅད་མཁྱེན་པའི་ཞལ་སྐུལ་བཞིན་ཞ་ལུར་ཕེབས་ཏེ་མདོ་སྔགས་སྤྱི་དང་། ལྷག་པར་ཐུན་མོང་གི་རིག་གནས་བཤད་རྒྱུན་རྒྱ་ཆེར་སྤེལ། དགུང་ལོ་དོན་དྲུག་པར་སྡེ་པ་ཡར་རྒྱབ་པས་གདན་ཞུས་ལྟར་སློབ་གྲྭ་ཐང་དུ་ཕེབས་ནས་སྐུ་ཚེསི་མཐའ་མ་བར་བཞུགས། ལོ་ཆེན་གྱི་འགྱུར་གྱི་སྐོར་ལ་མདོ་སྔགས་རིག་གནས་ཀྱི་སྐོར་དང་། སུམ་རྟགས་སོགས་བརྡ་སྤྲོད་རིག་པའི་སྐོར་གྱི་བསྟན་བཅོས་སོགས་མང་དུ་མཛད་ལ། མདོར་ན་ལོ་ཆེན་འདི་ཉིད་གཞུང་མང་པོ་ལ་འགྱུར་བཅོས་སམ་ཧོར་ཀོང་བསབས་པ་སོགས་ཀྱི་སྒོ་ནས་ལེགས་པར་མ་འགྱུར་བ་དང་། ལོག་པར་བསྒྱུར་བ། འགྱུར་ཆད་པ་སོགས་མཐའ་དག་གི་དྲི་མ་བཀྲུས་ནས་ཅི་ལྟ་བ་ཇི་སྙེད་པའི་རིག་གནས་ཀྱི་རྒྱུན་བཟང་པོ་ཤིན་ཏུ་གསལ་བར་མཛད་པར་མ་ཟད། བསྟན་བཅོས་ཀྱང་མང་པོ་གཞི་བསྒྱུར་དང་བརྩམས་གནང་བ་བཅས་གངས་རིའི་ཁྲོད་ཀྱི་ལོ་ཙཱ་བ་ཆེན་མོ་དང་། ལྷག་པར་རིག་གནས་ལ་ཕྱག་རྗེས་ཤིན་ཏུ་ཆེ། མཐར་དགུང་གྲངས་གྱ་བདུན་ཕེབས་པ་རབ་བྱུང་དགུ་བའི་མེ་ཕག༡༥༢༧ལོར་ཐུགས་སྲས་པད་མ་དཀར་པོ་གྲྭ་ཐང་གི་གདན་སར་བསྐོ་བཞག་མཛད་ནས་དགོངས་པ་ཆོས་དབྱིངས་སུ་ཐིམ།
དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ།
ཁོང་ནི་རབ་བྱུང་ལྔ་བའི་མེ་བྱི(༡༢༧༦)ལ་སྟོད་ལྷོ་སྤྱང་ལུང་གི་འི་འབུ་གྱམ་དུ་སྐུ་འཁྲུངས། ཡུམ་སྔ་མོར་གཤེགས་ནས་ལུག་གི་འོ་མས་གསོས་པས་ལུ་གུ་ཞེས་པའི་མཚན་ཐོགས། དགུང་ལོ་ལྔ་པ་ལ་ཆོས་རྗེ་སྤྱང་གླིང་པ་ལས་དགེ་བསྙེན་ནོད། མཚན་བློ་གྲོས་བརྟན་པར་གསོལ། དགུང་ལོ་བདུན་པ་ལ་མཁན་ཆེན་གསེར་ཁང་པ་དང་མེ་སྟོན་འདུལ་འཛིན་པ་ལས་རབ་ཏུ་བྱུང་། དགུང་ལོ་བཅུ་གཅིག་པ་ལ་དགེ་བའི་བཤེས་གཉེན་འདི་གཉིས་ལས་མདོ་རྩ་རྫོགས་པར་བསླབས། དགུང་ལོ་བཅུ་གསུམ་ནས་བཅུ་དགུའི་བར་རྟག་བདེ་སེང་རྒྱལ་གྱི་ཞབས་ལ་གཏུགས་ཏེ་ཕར་ཕྱིན་མངོན་གསུམ་དང་། དབུ་མ། ཁྱད་པར་དུ་དུས་འཁོར་ལ་སྦྱངས་པས་མཁས་པར་མཁྱེན། དགུང་ལོ་ཉི་ཤུ་པ་ལ་མཁན་ཆེན་གསེར་ཁང་པ་དང་མེ་སྟོན་འདུལ་འཛིན་པ་ལས་བསྙེན་པར་རྫོགས། ཨ་ཙ་ར་བྱུང་ཚད་ལས་ཕྲལ་སྐད་བསླབས། འཇམ་དབྱངས་གཞི་ཐོག་པ་དང་པནྜི་ཏའི་དབང་གི་ལོ་ཙཱ་མཛད་པས་ལོ་ཙཱ་བར་གྲགས། ཉེར་གཅིག་པར་བལ་ཡུལ་དུ་བྱོན་ནས་སྒྲ་སྙན་ངག་ལ་མཁས་པར་སྦྱངས། བལ་ཡུལ་ལ་ཁྱོན་ལན་བདུན་ཕེབས། དགུང་ལོ་སོ་གཉིས་པ་གུང་ཐང་གནས་པོ་ཆེར་ཆོས་གཞི་བཙུགས་ཏེ་གུང་ཐང་པ་བདེ་བློ་སོགས་སློབ་མའི་ཚོགས་མང་དུ་འདུས་པ་ལ་དབྱར་དུས་འཁོར། དགུན་ཕར་ཕྱིན་མབངོན་གསུམ་གྱི་དུས་ཆོས་གསུངས། སྙན་པའི་གྲགས་པ་རྒྱ་གར་དང་ཧོར་ཡུལ་ཚུན་ཁྱབ། དགུང་ལོ་དྲུག་ཅུ་རེ་གཉིས་པ་ལ་རྒྱལ་སྲས་རིན་པོ་ཆེའསི་ཞུ་འབུལ་བཞིན་བོ་དོང་ཨེའི་གདན་ཁྲིར་ཕེབས། གུང་ཐང་བདེ་བློ་སོགས་སློབ་བུ་མང་དུ་བྱོན། རྒྱུད་འཛིན་གྱི་སྲས་དབོན་པོ་ལོ་ཙཱ་བ་བྱང་ཆུབ་རྩེ་མོ་ཡིན། རྗེ་འདི་ཉིད་ཀྱི་འགྱུར་ཡང་མང་དུ་མཛད། ལོ་ཆེན་འདི་ཉིད་གཞན་དོན་གྱི་བྱ་བ་རྫོགས་ནས་དགུང་ལོ་དྲུག་ཅུ་རེ་བདུན་ལ་ཕེབས་པ་རབ་བྱུང་དྲུག་པའི་ཆུ་རྟ(༡༣༤༢)ལོར་བོ་དོང་ཨེར་དག་པའི་ཞིང་དུ་གཤེགས།
ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱི་རྣམ་ཐར་མདོར་བསྡུས།
ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་ཁོང་། ལ་སྟོད་ལྷོའི་དཔྱད་ལུང་ཤར་གྱི་བོང་ར་ཞེས་པར་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་རབ་ཏུ་བྱུང་། ཕར་ཚད་མངོན་པ་གསུམ་ལ་མཁས་པར་སྦྱངས། བདེ་ཀྱེ་དུས་འཁོར་གྱི་རྒྱུད་མང་དུ་གསན། འགྲོ་མགོན་འཕགས་པ་རིན་པོ་ཆེར་ལོ་ཙཱ་སློབ་ཏུ་འགྲོ་བས་རྫོང་བར་ཞུ་ཞུས་པས། དེ་ལྟ་བུའི་བློ་སྐྱེ་བ་བཟང་། རེ་ཞིག་གཞུང་ལུགས་གསར་བ་བསྒྱུར་བའི་ནུས་པ་མ་བྱུང་ཡང་། པཎྜི་ཏ་ལ་སློབ་གཉེར་དང་དྲི་གཏུགས་ལེགས་པར་གྱིས་ཤིག ཅེས་གསུངས་ཤིང་སློབ་གཉེར་དུ་འགྲོ་བའི་མཐུན་རྐྱེན་སྦྱར། ཤོང་གི་ཐུགས་ལ་སྐྱེས་ཐོབ་ཀྱི་བློ་གྲོས་ནི་ཕུན་སུམ་ཚོགས། སྦྱངས་སྟོབས་ཀྱི་ཡོན་ཏན་རང་ལ་རག་ལས་པས་གསར་འགྱུར་ཅིས་མི་ནུས་སྙམ་ཞིང་། འགྲོ་མགོན་འཕགས་པ་རིན་པོ་ཆེའི་ཞབས་ཞུ་མདོ་སྨད་པ་བློ་གྲོས་རྒྱལ་བོ་ཟེར་བ་དང་འགྲོགས་ནས་བལ་བོར་བྱོན། པཎྜི་ཏ་ས་དབང་བཟང་བོའི་དྲུང་དུ་སྒྲ་སྙན་ངག་མངོན་བརྗོད་སྡེབ་སྦྱོར་སོགས་ལ་བྱང་བར་བསླབས་ནས་སླར་བོད་དུ་ལོག འགྲོ་མགོན་འཕགས་པའི་བཀའ་གསུང་ལྟར་དུས་འཁོར་རྒྱུད་འགྲེལ་ཤོང་འགྱུར་ཞེས་འགྱུར་ལེགས་ཤོས་སུ་བརྩི་བ་དེ་གསར་དུ་བསྒྱུར། སླར་རྒྱ་གར་དུ་བྱོན་ནས་པཎྜི་ཏ་ལཀྵིཾ་ཀ་ར་བོད་དུ་གདན་དྲངས་ཏེ། ལོ་པཎ་ཟུང་འབྲེལ་གྱིས་ཙནྡྲ་བའི་མདོ་སྦྱོར་བའི་རྩ་འགྲེལ། བཟློག་པ་བསྡུས་པ་རྩ་འགྲེལ། སློབ་དཔོན་སུ་པ་རཀྵི་ཏས་མཛད་པའི་སྨྲ་བ་ཀུན་ལ་འཇུག་པ་རྩ་འགྲེལ། སློབ་དཔོན་སེང་གེ་བཟང་བོས་མཛད་པའི་རྣམ་དབྱེའི་ལེའུ་སོགས་སྒྲ་རིག་པའི་གཞུང་དུ་མ་དང་། སྙན་ངག་རིག་པའི་གཞུང་སྙན་ངག་མེ་ལོང་དང་། སྙན་ངག་གི་བསྟན་བཅོས་དཔག་བསམ་འཁྲི་ཤིང་། ཟློས་གར་གྱི་བསྟན་བཅོས་ཀླུ་ཀུན་ཏུ་དགའ་བའི་ཟློས་གར། འཇིག་རྟེན་དབང་ཕྱུག་གི་བསྟོད་པ་བརྒྱ་བ། འཇམ་དཔལ་གྱི་བསྟོད་པ་པྲྀ་ཏ་མ་ལ་སོགས་སྔར་མ་བསྒྱུར་བ་མང་བོ་གཞི་འགྱུར་མཛད། མངོན་བརྗོད་འཆི་མེད་མཛོད་ལ་འགྱུར་མཆན་མཛད་ཅིང་། སྒྲ་རིག་པ་དང་སྙན་ངག་རིག་པའི་བཤད་རྒྱུན་སྤེལ། ཁོང་ནི་བོད་དུ་ཐ་སྙད་རིག་གནས་དར་བར་ཕྱག་རྗེས་བླ་ན་མེད་པ་བཞག་པའི་ལོ་ཙཱ་བ་དང་མཁས་པ་གྲགས་ཆེན་ཞིག་གོ།
འགོས་ལོ་ཙཱ་བ་གཞོན་ནུ་དཔལ།
བོད་རབ་བྱུང་བདུན་པའི་ཆུ་སྤྲེལ་༡༣༩༢ལོ་བར་ནས་རབ་བྱུང་བརྒྱད་པའི་ལྕགས་གླང་ལོ༡༤༨༡ལོ་བར་དགུང་ལོ་དགུ་བཅུ་གོ་གཅིག་བཞུགས།སྐུ་ཚེའི་སྨད་དུ་ཀུན་བཟང་རྩེའི་རི་ཁྲོད་དུ་བཞུགས་པས་ཡེ་བཟང་རྩེ་པ་ཡང་ཟེར།ཁོང་ནི་ལྷོ་ཁ་འཕྱོངས་རྒྱས་ཁུལ་རྒྱས་སྨན་ལྷ་ཁང་གི་མདའ་འམ་པ་རའི་གྲོང་ནག་མེ་དགུ་ཟེར་བའི་ཁྱིམ་དུ་ཡབ་འགོས་སྟོན་འབྱུང་གནས་རྡོ་རྗེ་དང་ཡུམ་སྲི་ཐར་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།དགུང་ལོ་དགུའི་ཐོག་རབ་ཏུ་བྱུང་།དེ་ནས་སློབ་དཔོན་ཤེས་རབ་དར་རྒྱས་དང་།བསམ་བཟང་པ།ཀརྨ་དེ་བཞིན་གཤེགས་པ།རྗེ་ཙོང་ཁ་བ་སོགས་དགེ་བའི་བཤེས་གཉེན་དང་མཁས་པ་མང་དུ་བསྟེན་ནས་ཆོས་ལུགས་གྲུབ་མཐའ་ཁག་དང་།རིག་གནས་ལྔ་ལ་མཁས་པའི་པཎྜི་ཏ་ཆེན་པོ་གྱུར་ཏེ《དུས་འཁོར་འགྲེལ་ཆེན》དང《དེབ་ཐེར་སྔོན་པོ》སོགས་གསུང་རྩོམ་པོད་བཅུ་ལྷག་ཙམ་ཡོད་ཀྱང་དཔེ་རྒྱུན་ཧ་ཅང་དཀོན།
ལོ་ཆེན་བྱང་ཆུབ་རྩེ་མོ།
ལོ་ཆེན་བྱང་ཆུབ་རྩེ་མོ།དཔང་ལོ་ཙྰ་བའི་དབོན་པོ་འདི་ཉིད་ལ་སྟོད་ལྷོ་ཟུར་ཚོ་ཞེས་པར་ཡབ་གཞོན་ནུ་དཔལ་བཟང་།ཡུམ་དཔང་ལོའི་ལྕམ་མི་ཡེ་ཤེས་སྨན་ནེ་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་པའི་ཆུ་ཡོས༡༣༠༣ལོར་སྐུ་བལྟམས།དགུང་ལོ་བདུན་པ་ལ་དཔང་ལོའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བཞེས།དགུང་ལོ་བཅུ་དྲུག་པ་ལ་ཤོང་ལོའི་དབོན་པོ་མཁན་ཆེན་ཆོས་སྐྱོང་དཔལ་ལས་དགེ་ཚུལ་བསྒྲུབས།
དཔང་ལོས་མངའ་རིས་གནས་པོ་ཆེ་དང་།ས་སྐྱ་སོགས་སུ་འཁྲིད་དེ་བསླབ་སྦྱངས་གནང་།གུང་ཐང་གནས་པོ་ཆེར་དཔང་ལོ་ལས་མངོན་ཚད་གསན།ཨེའི་གདན་སར་ལོ་བཞི་རིག་གནས་ཕལ་མོ་ཆེ་ལ་སྦྱངས།དགུང་ལོ་ཉེར་གཉིས་པ་ལ་དཔལ་ལྡན་ས་སྐྱའི་མཁན་པོ་འཇམ་དབྱངས་དོན་ཡོད་རྒྱལ་མཚན་དང་།ལས་ཀྱི་སློབ་དཔོན་དཔང་ལོ་དང་།གསང་སྟོན་ཆོས་རྗེ་བླ་མ།གྲིབ་ཚོད་མཁན་ཆེན་བསོད་ནམས་བཟང་པོས་མཛད་དེ་བསྙེན་པར་རྫོགས།དེ་ནས་ས་སྐྱར་བཤད་གསར་དང་།ཞ་ལུ་སོགས་སུ་གྲྭ་སྐོར་མཛད།དགུང་ལོ་ཉེར་ལྔ་པ་ལ་ལོ་ཙྰ་བ་མཁས་པར་གྱུར།བཤེས་གཉེན་ཆེན་པོ་ཆོས་རྗེ་བླ་མ་སྐུ་མཆེད་དང་།དཔལ་ལོ་ཙྰ་བ།རྒྱལ་སྲས་པ།བུ་དོལ་གཉིས།གངས་ཁྲོད་པ་གྲགས་པ་དཔལ།མ་ཏིག་པཎ་ཆེན།མཆིམས་བློ་བཟང་གྲགས་པ་སོགས་མཁས་གྲུབ་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་དུ་མའི་ཞབས་ལ་གཏུགས་ཏེ་མདོ་རྒྱུད་ཀྱི་ཟབ་ཆོས་གསན་སྦྱངས་དཔྱིས་ཕྱིན་མཛད་ཅིང་ཉམས་སུ་བཞེས་པས་གྲུབ་པའི་དབང་ཕྱུག་ཏུ་མངའ་གསོལ།རྒྱལ་སྲས་པས་ལོ་ཆེན་འདི་ལ་ཞལ་ཟས་ཀྱིས་བསྙེན་བཀུར་ན་མུ་གེའི་བསྐལ་པ་ལས་ཐར་གསུངས་པའི་སྙན་གྲགས་ཀྱིས་བསྙེན་བཀུར་མཆོད་པའི་མཚོ་བརྡོལ།ཆུ་ལ་མི་འབྱིང་།བུག་པ་ཆུང་ངུ་ལ་སྐུས་བརྟོལ།ཁང་ཆུང་དུ་མི་མང་པོ་ལ་དབང་བསྐུར་བའི་རྫུ་འཕྲུལ་བསྟན།མངོན་པར་མཁྱེན་པ་མངའ།དཔལ་ལྡན་བླ་མའི་བཀས་ཨེའི་གདན་ས་མཛད།སྟག་ལུང་པ་ནམ་མཁའ་དཔལ་བཟང་ལ་དུས་འཁོར་སྒྲ་སྙན་སོགས་གནང་བས་དེའི་བཤད་རྒྱུན་དབུས་སུ་ཆེར་དར།དེ་ནས་དྭགས་པོར་ཆོས་རྗེས་བླ་མའི་དྲུང་དུ་བྱོན།ཀ་ལྰ་པའི་ས་རིས་ཕུལ།དེ་ནས་གཙང་ཕྱོགས་སུ་བཞུགས།དགུང་ལོ་མཐོན་པོར་གྱུར་ཀྱང་སྤྱན་སྔ་གྲགས་བྱུང་བས་གདན་དྲངས་ནས།ཡར་ལུང་།གནད་ས་ཐེལ།གུང་ཐང་རྣམས་སུ་དུས་འཁོར་སྒྲ་སྙན་གྱི་ཆོས་ཆར་ཕབ།མཁས་པ་རྣམས་ཐུགས་ཚིམ་པར་གྱུར།སྟག་ཚང་།ཤངས།འུ་ཡུག་ཉང་སྟོད་རྣམས་སུ་དུས་འཁོར་གྱི་དབང་རྒྱུད་ཁྲིད་མང་དུ་གསུངས།ཀ་ལྰ་པའི་འགྲེལ་པ་སློབ་ཕན་སོགས་འགྱུར་དུ་མ་མཛད།འཆད་རྩོད་རྩོམ་གསུམ་གྱིས་བསྟན་པ་རིན་པོ་ཆེ་བསྐྱངས།དབོན་པོ་ལོ་ཆེན་གྲགས་པ་དང་།སྒྲ་པ་ནམ་མཁའ་བཟང་པོ་སོགས་ཐུགས་སྲས་མང་དུ་བྱུང་།སྐུ་ཚེ་སྨད་དུ་གཙང་ཆུ་མིག་རིང་མོར་བཞུགས་ནས་གདུང་བྱ་མང་པོ་སྨིན་གྲོལ་ལ་བཀོད་དེ་དགུང་གྲངས་དོན་བརྒྱད་བཞེས་པ་རབ་བྱུང་དྲུག་པའི་ལྕགས་སྤྲེལ་(༡༣༨༠)ལོར་དག་པའི་ཞིང་དུ་གཤེགས།
No comments:
Post a Comment